On Sakya Tradition from Tibet

Kdy:
27.6.2024 @ 16:00 – 17:00
2024-06-27T16:00:00+02:00
2024-06-27T17:00:00+02:00
Kde:
místnost 310, Na Příkopě 29

Abstract

༄༅། ། བོད་གངས་ཅན་དུ་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ཇི་ལྟར་དར་ཚུལ་དང་། ས་པཎ་ཀྱིས་བོད་ལ་བཞག་པའི་མཛད་རྗེས་སྐོར་གླེང་བ།

གུས་པའི་གཏམ་བཤད་ཀྱི་བརྗོད་སྙིང་།

༡] དཔལ་ལྡན་ས་སྐྱ་པ་ནི། ལོ་རྒྱུས་ཐོག་གི་བོད་ཀྱི་ཆོས་བརྒྱུད་རྙིང་གྲས་ཤིག་ཡིན་ལ། དེ་ཉིད་དབུ་བརྙེས་ནས་ད་བར་མི་ལོ་སྟོང་ལ་ཉེ་བའི་བྱུང་རབས་ཡོད། ས་སྐྱའི་ཆོས་བརྒྱུད་ནི་མཚན་མཆོག་གསུམ་དང་ལྡན་པའི་ས་སྐྱའི་གདུང་རབས་ཀྱིས་གཙོ་བོར་སྐྱོང་བཞིན་ཡོད་ཅིང་། གདུང་རབས་ནི་ས་སྐྱའི་ཆོས་བརྒྱུད་ཀྱི་སྲོག་ཤིང་ལྟ་བུ་ཡིན་པས་ཐོག་མར་ལྷ་རིགས་དང་། བར་དུ་འཁོན་རིགས། ཐ་མར་ས་སྐྱའི་གདུང་རབས་སྐོར་ཞུ་རྒྱུ་ཡིན།
༢] ས་སྐྱའི་ཆོས་བརྒྱུད་ལ་གོང་མ་རྣམ་ལྔ་དང་། ས་སྐྱའི་རྒྱན་དྲུག་སོགས་ཉི་ཟླ་ལྟ་བུའི་མཁས་གྲུབ་མང་པོ་བྱོན་པའི་ཁྲོད་ཀྱི་ཆེས་སྙན་གྲགས་ཆེ་བ་ནི། འཇམ་མགོན་ས་པཎ་ཡིན། ཁོང་ནི་བོད་ཙམ་མ་ཡིན་པར། སོག་པོ་དང་རྒྱ་དཀར་ནག་སོགས་འཛམ་གླིང་གི་ས་ཕྱོགས་མང་པོར་ཤུགས་རྐྱེན་ཐེབས་མྱོང་བའི་མཁས་པ་ཞིག་ཡིན། ད་ལན་གུས་པས་ཡོ་རོབ་དཀྱིལ་ཤར་ན་མིང་དུ་གྲགས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རག་ན་ཡོད་པའི་ཁར་ལོ་བ་མཐོ་སློབ་ Univerzita Karlova ཏུ་དོན་གཉེར་ཅན་གྱི་སློབ་གྲོགས་ཚོའི་ཆེད་དུ་འཇམ་མགོན་ས་པཎ་གྱིས་རྒྱ་བོད་ཧོར་གསུམ་གྱི་མི་རིགས་རིག་གཞུང་བཅས་པར་མཛད་པ་བསྐྱངས་པའི་དམིགས་བསལ་གྱི་རྣམ་ཐར་ཁག་ཅིག་ཞུ་རྒྱུ་ཡིན།
༣] ས་པཎ་གྱི་སྐུ་ཚེ་ཧྲིལ་པོའི་རྣམ་ཐར་ནི། དུས་ཚོད་ཐུང་ངུའི་ནང་བརྗོད་དཀའ་བ་ཞིག་ཡིན་ནའང་། ས་པཎ་གྱིས་དད་པ་དང་རིགས་པ་ཟུང་འབྲེལ་བྱས་ཏེ་སློབ་གཉེར་ཞིབ་ཚགས་གནང་བར་བལྟས་ན། དེང་རབས་ཀྱི་སློབ་གཉེར་བ་ཚོས་ཁོང་གི་སྐུ་ཚེའི་རྒྱུས་ལས་བསླབ་བྱ་ལེན་པ་དང་། ཁོང་གི་བརྩམས་ཆོས་ལ་རྒྱུས་ལོན་བྱེད་པ། ཁོང་གི་ལེགས་བཤད་ཁག་ལ་ཞིབ་འཇུག་བྱ་རིན་ངེས་ཅན་ཡོད། དེས་ན་སློབ་གྲོགས་ཚོའི་ཆེད་དུ་སྤྱིར་ས་སྐྱ་དང་། སྒོས་སུ་ས་སྐྱ་པཎ་དང་འབྲེལ་བའི་ཞལ་ཐང་དང་། ལོ་རྒྱུས་ཀྱི་ཡིག་ཚགས་རྙིང་པ་གལ་ཆེན་ཁག་ཅིག་ཀྱང་དཔྱད་གཞིའི་ཚུལ་དུ་ངོ་སྤྲོད་བྱ་རྩིས་ཡིན་ནོ། །

About the lecturer

ངོ་སྤྲོད་མདོར་བསྡུས། ངའི་མིང་ལ་སྐལ་པེ་ཟེར། དེ་ནི་ངའི་རྨོ་རྨོ་ལགས་ཀྱིས་ང་ལ་གཅེས་མིང་བཏགས་པ་ཞིག་ཡིན་པས། ངའི་མི་ཚེ་གང་བོར་མིང་འདི་ཉིད་ག་ཆེ་ཤོས་སུ་བརྩིས་ཏེ་ད་ལྟ་ཡང་སྤྱོད་ཀྱི་ཡོད། རང་ལོ་བདུན་ཙམ་ནས་ཨ་འདུས་ཡུལ་ཚོའི་སློབ་ཆུང་འགྲིམ་མགོ་ཚུགས། ལོ་དགུ་ཙམ་ནས་ཀིརྟིའི་དགོན་གྱི་དགེ་རྒན་བཀའ་དྲིན་ཅན་ཚོའི་ལྷག་བསམ་བཟང་པོས་བསྐྱངས་པའི་ཉེར་ལེན་འོག རྔ་ཡུལ་ཀིརྟི་དགོན་པའི་ནང་བསྟན་སློབ་གླིང་དུ་བོད་ཀྱི་ཤེས་རིག་སྦྱོང་མགོ་བརྩམས། ཕྱི་ལོ་ ༢༠༠༠ ལོར་བཙན་བྱོལ་དུ་འབྱོར། ས་སྐྱ་མཐོ་སློབ་ཏུ་འཛུལ་ཏེ་མི་ལོ་བཅུ་ཕྲག་ལྷག་ལ་གཞུང་ཆེན་མོར་སློབ་གཉེར་བྱས། ཕྱི་ལོ་ ༢༠༠༧ ལོར་བཀའ་བཅུ་དགེ་བཤེས་ཀྱི་ལག་འཁྱེར་དང་། ཕྱི་ལོ་ ༢༠༡༣ ལོར་སློབ་དཔོན་གྱི་ལག་འཁྱེར་བླངས། དེ་གར་མཐོ་སློབ་ཀྱི་དུས་དེབ་རི་དཀར་པོའི་རྩོམ་སྒྲིག་པ་དང་། ལོ་བཞིའི་རིང་དགེ་རྒན་བྱས། ཕྱི་ལོ་ ༢༠༠༦ ལོ་ནས་ << རི་དཀར་པོའི་བརྗིད་སྒྲ། >> དང་། << གྷི་ཏན་ཅ་ལི། >> ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས། ཕྱི་ལོ་ ༢༠༡༡ ནས་ཞིབ་འཇུག་དུས་དེབ་ཀྱི་ངོ་བོར་བསྒྱུར་ཏེ་ད་ཆ་ཡང་ལོ་རེ་བཞིན་འདོན་མུས་ཡིན། དེ་མིན་བོད་ཕྱི་ནང་གི་དུས་དེབ་དང་། དྲྭ་ཚིགས་ཁག་ཏུ་སྤེལ་ཟིན་པའི་སྙན་ངག་བརྒྱ་ཕྲག་ལོང་བ་དང་། བགྲོ་གླེང་དཔྱད་རྩོམ། འབོལ་རྩོམ། ཡུལ་སྐོར་ཟིན་ཐོ་མང་པོ་བྲིས། ད་ལྟ་དབུས་ས་སྐྱ་སྨོན་ལམ་ཐེབས་རྩའི་རྩོམ་སྒྲིག་སྡེ་ཚན་དང་། ས་སྐྱ་ཞིབ་འཇུག་ཁང་། ཆོས་དུང་དཀར་པོ་ཞིབ་འཇུག་དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་ཀ་བྱ་མུས་ཡིན་ནོ། །
ཕྱི་ལོ་ ༢༠༢༢ ལོར་ཅེཀ་པ་རག་ཏུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་དྲུག་པ་དང་། ཕྱི་ལོ་ ༢༠༢༣ ལོར་རྒྱ་གར་རྒྱལ་ཡོངས་བྷོ་ཊིའི་རྩོམ་རིག་ཚོགས་ཆེན་སྐབས་དང་པོ་སོགས་ལ་མཉམ་ཞུགས་བྱས་ཏེ་མཁས་པ་མང་པོའི་དབུས་སུ་རང་གི་ཉམས་ཞིབ་སྐོར་གྱི་བསམ་ཚུལ་བསྒྲགས་རྒྱུའི་གོ་སྐབས་ཐོབ།

Úvod > Události > Přednášky hostů > On Sakya Tradition from Tibet